Thursday, March 3, 2016

སྐལ་བཟང་དབང་འདུས། Kalsang Wangdue

2016/3/29 ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོར་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

འབྲེལ་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ སྟེང་། དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་ (Retsokha Aryaling Monastery) གྲྭ་སྐལ་བཟང་དབང་འདུས་ཞུ་བ་ཞིག་གིས། བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ས་གནས་བོད་མི་ཚོས་མཐོང་མ་ཐག་མེ་བསད་དེ་ཁོང་ཉག་རོང་རྫོང་མི་མང་སྨན་ཁང་དུ་ཁྱེར་ཡོད་ཀྱང་། མྱུར་སྐྱོབ་བྱེད་མ་ཐུབ་པར་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ཏུ་འཁྱེར་སྐབས་ལམ་བར་ནས་སྐུ་གྲོངས་ཡོད་འདུག

གྲྭ་སྐལ་བཟང་དབང་འདུས་ལགས་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་ནས་ཡིན་ཞིང་། ཁོང་གི་ཨ་ཕའི་མིང་ལ་བསོད་བཀྲ་དང་ཨ་མའི་མིང་ལ་ཨོ་རྒྱན་སྒྲོལ་མ་ཞུ་ཡི་ཡོད་པ་དང་། ད་ལྟ་ཁོང་རང་ལོ་༡༨ ཡིན་འདུག་ལ། བོད་ནང་ནས་རང་ལུས་མེར་སྲེག་གནང་མཁན་༡༤༣ པ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།
News from tibettimes.net 

རྡོ་རྗེ་ཚེ་རིང་། Dorje Tsering

ཁ་སང་སྔ་དྲོར་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ནས་སྐུ་ལུས་མེར་བསྲེགས་གནང་སྟེ་ད་ལྟ་ལྡི་ལིའི་སྨན་ཁང་ཞིག་ཏུ་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་ལ་རྡེ་ར་རྡུན་གྱི་རྒན་གསོ་ཁང་གི་ཉེ་འཁྲིས་ཤིག་ཏུ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ནས་སྐུ་ལུས་མེར་བསྲེགས་གནང་སྟེ། ད་ལྟ་ལྡི་ལིའི་སྨན་ཁང་(Safdarjung hospital)དུ་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། གཟུགས་པོའི་བརྒྱ་ཆ་ ༩༥ ཚིག་ཟིན་ཡོད་འདུག

རྡོ་རྗེ་ཚེ་རིང་ལགས་ཀྱི་པ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། དེ་སྔོན་གུང་གསེང་ལ་ཡོང་སྐབས་ནས་ཁོས། པ་ལགས་ངས་བོད་སྤྱི་པའི་རྩ་དོན་གྱི་ཐོག་ལས་ཀ་ཞིག་བྱས་པ་ཡིན་ན། ཁྱེད་རང་དགའ་ས་རེད་དམ་ཞེས་སྐད་ཆ་འདྲི་ཡི་འདུག ཅེས་དང་། ཁོང་གི་ཨ་མ་ལགས་ཀྱིས། སྔོན་མ་ནས་ཁོང་རང་ལ་དམིགས་ཡུལ་འདི་འདྲ་འདུག ཐེངས་ཤིག་མ་སུ་རི་ལ་ཁ་པར་གཏོང་སྐབས། ཁོས་ཨ་མ་ལགས། ངས་བོད་ཀྱི་རྩ་དོན་ཆེད་ལས་ཀ་ཞིག་བྱ་རྒྱུ་ཡིན། ཨ་མ་ལགས་ཁྱེད་རང་དགའ་ས་རེད་དམ་ཟེར། ཕ་མ་ཟེར་བ་དེ་སོ་སོའི་ཕྲུ་གུ་ནི་གཅེས་ཕྲུག་རང་ཡིན་པས། ཁྱོས་དེ་འདྲ་བྱས་པ་ཡིན་ན་ཁྱེད་རང་གི་སྔོན་དུ་ང་ཤི་ཡི་ཡིན་ཞེས་ལབ་ཡིན། ཡིན་ནའང་། ཁ་སང་ཁོང་རང་གིས་དངོས་གནས་སེམས་ཐག་བཅད་དེ་ལུས་སྲོག་བཏང་སོང་། ང་ཁོང་གི་ཨ་མ་ཡིན་པའི་ཆ་ནས་སྡུག་བསྔལ་འདུག་ཀྱང་། ཁོང་རང་གི་ལྟ་བ་དང་དམིགས་ཡུལ་འཁུར་སྟངས་ནི་དཔེ་ཡག་པོ་རེད། ཅེས་དང་།

ཁ་སང་པང་ལེབ་སྒང་དུ་དམར་ཧྲང་མར་འཁུར་ནས་འགྲོ་སྐབས་ངས་ཁྱེད་ཀྱིས་འདི་ལྟར་བྱས་ཏེ་དཔེ་རེད་ཅེས་ལབ་དུས། ཨ་མ་ལགས། ༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་དཔལ་ལྡན་ལྷ་མོ་ཚད་བཙུགས་ངས་བོད་སྤྱི་པའི་དོན་དུ་རང་ཡིན། ཨ་མ་ལགས། ཐུགས་རྗེ་གཟིགས། ཚིག་པ་མ་བཟའ་རོགས། ང་ལ་མིག་གིས་མ་ལྟ་རོགས་ཞེས་ལབ་ཀྱིི་འདུག ཁོང་རང་གི་རོགས་པ་ཚོ་ལའང་སྐད་ཆ་དེ་རང་བཤད་འདུག
དེ་སྔ་ནས་ཁོང་རང་གི་པ་ལགས་ལ་བོད་དོན་ཆེད་ལུས་སྲོག་གཏོང་རྒྱུ་ཡིན་ལུགས་ཞུས་འདུག་ལ། པ་ལགས་ཀྱིས་བོད་སྤྱི་པའི་རྩ་དོན་ཆེད་སློབ་སྦྱོང་བྱས་ཏེ་ག་རེ་ཡིན་ནའང་བྱ་རྒྱུ་ཡོད་པ་རེད། ཡིན་གཅིག་མིན་གཅིག་གིས་སྲོག་གཏང་དགོས་པ་མ་རེད་ཅེས་ལབ་འདུག ཡིན་ནའང་། དམིགས་ཡུལ་དེ་རང་གི་ཐོག་ལ་ཁོང་རང་གིས་སྔོན་མ་ནས་སེམས་ཐག་བཅད་ཡོད་ས་རེད། ཁ་སང་གློ་བུར་དུ་དོགས་པ་སོགས་ཅི་ཡང་མེད་པར་སྣང་མེད་ཀྱིས་ལུས་སྲོག་བློས་བཏང་སོང་། ང་རང་གིས་མཐོང་དུས་གཟུགས་པོ་ཚང་མར་མེ་འབར་ནས་རྒྱུགས་བཞིན་འདུག་ལ། མི་ཚོས་༼བོད་རང་བཙན༽ཞེས་སྐད་འབོད་བྱེད་བཞིན་འདུག་ལབ་སོང་། ཁ་ནས་སྐད་ཅིག་རྒྱག་བཞིན་འདུག་སྟེ་ང་རང་ནི་སེམས་ཚབ་ཀྱིས་ཅི་གང་གོ་མ་སོང་། ལོ་ ༡༦ ཡིན་པའི་ཕྲུ་གུ་ཆུང་ཆུང་ཞིག་ལ་བློ་ཁོག་དེ་འདྲ་དངོས་གནས་དཔའ་བོ་རང་རེད་འདུག ང་ཁོང་གི་ཨ་མ་རེད་དེ་ད་ངས་ག་རེ་བྱེད་དགོས་པ་རེད། ཅེས་ངུ་བཞིན་བརྗོད་བྱུང་།

རྡོ་རྗེ་ཚེ་རིང་ལགས་ཀྱི་ཁྱིམ་མན་ཌི་རྫོང་མ་ན་ལི་རུ་ཡོད་པ་དང་། ཁོང་གི་པ་ལགས་ཀྱི་མཚན་ལ་ཐུབ་བསྟན་ཞུ་ཞིང་དགུང་ལོ་ ༦༦ ཙམ་ཡིན་པ་དང་། ཨ་མ་ཉི་མ་གཡང་འཛོམས་ལགས་དགུང་ལོ་ ༥༩ ཡིན་འདུག ཁོང་གཉིས་ལ་བྱིས་པ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་རྡོ་རྗེ་ཚེ་རིང་ལགས་ཆུང་ཤོས་དེ་ཡིན་ལ། ཆུང་དུས་ནས་མ་ན་ལི་བོད་སློབ་ཏུ་སློབ་ཞུགས་བྱས་ཡོད་པ་དང་། ཕྱིས་སུ་མ་སུ་རི་བོད་ཁྱིམ་དུ་ཕྱིན་ཡོད་འདུག  ཁོང་གི་མ་སྤུན་ཕུ་བོ་བརྩོན་འགྲུས་ལགས་ཀྱིས་བརྗོད་ན། ཁོང་དུས་རྒྱུན་སེམས་པ་ཆུང་ཞིང་སོ་སོས་ཐག་བཅད་པ་དེ་རང་སྒྲུབ་མཁན་ཞིག་ཡིན་འདུག


གསར་འགོད་པ། པདྨ་མཚོ།
News from tibettimes.net 

Friday, August 28, 2015

བཀྲིས་སྐྱིད། Tashi Kyi

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ཉིན།
མདང་དགོང་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ་དངུལ་ར་སྡེ་བའི་བུད་མེད་བཀྲ་ཤིས་སྐྱིད་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མདང་དགོང་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་པ་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ཞུ་བ་ཞིག་གིས། རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཡུལ་མི་ཚོས་མཐོང་སྟེ་ཁོང་མོའི་ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་། མཚན་མོའི་ཆུ་ཚོད་ ༣ པ་ཡས་མས་སུ་སྐུ་གྲོངས་ཡོད་འདུག དེ་རིང་ཞོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག
གནས་ཚུལ་ཐོན་རིམ་གཉིས་པ། ཁ་སང་ཕྱི་ཚེས་ ༢༧་ཉིན་བསང་ཁོག་ཡུལ་ཚོའི་ཐོག་རྒྱ་གཞུང་ཉེན་རྟོག་པ་དང་རྒྱ་མི་ལས་བྱེད་པ་བརྒྱ་དང་ལྔ་བཅུ་ཙམ་ཡོང་སྟེ། བསང་ཁོག་དངུལ་རྭའི་བོད་རིགས་ཁྱིམ་ཚང་ཞིག་གི་ཁང་པ་རྩ་གཏོར་གཏོང་སྟབས། ཁྱིམ་བདག་གིས་ཡ་ལན་སྤྲད་དེ་ལྕགས་མགོར་གྱིས་བརྒྱབ་ནས་ཉེན་རྟོག་པ་གཉིས་ཐང་ལ་འགྱེལ་དུ་བཅུག་ཅིང་། གཞན་ཚང་མ་ཁ་འཐོར་དུ་བཏང་ཡོད་ཀྱང་། མཐའ་མར་ཉེན་རྟོག་པས་ཁྱིམ་བདག་དེ་འཛིན་བཟུང་བྱས་ཡོད་འདུག

ཁོང་མོ་ནི་ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་ཡོངས་གྲགས་སུ་རང་ལུས་མེར་སྲེག་གནང་མཁན་ ༡༤༢  པ་དང་། འདི་ལོར་རང་ལུས་མེར་སྲེག་གནང་མཁན་ ༧ པ་དེ་ཆགས་ཡོད་པ་རེད།
News from Tibettimes.net

Friday, July 17, 2015

བསོད་ནམས་སྟོབས་རྒྱལ། Sonam Topgyal

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༩ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༦ པ་ཡས་མས་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་བོད་པའི་ཁང་པ་མང་པོ་ཡོད་སའི་ཉེ་འགྲམ་དུ། ཕ་ཡུལ་ནང་ཆེན་ནས་ཡིན་ཞིང་། རང་ལོ་ ༢༧ ལ་སོན་པའི་བོད་པའི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ཡོད་ཅིང་། སྐབས་དེར་བོད་མི་ཚོས་ཁོང་སྨན་ཁང་དུ་འཁྲིད་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ཡུལ་ཤུལ་ཁུལ་གྲོང་ཁྱེར་གྱི་གཞུང་ལམ་མང་ཆེ་བ་དྲག་ཆས་ཉེན་རྟོག་དཔུང་དམག་གིས་བཀག་སྡོམ་བྱས་ཡོད་སྟབས། ཁོང་གི་གནས་སྟངས་ཤེས་རྟོགས་ཐུབ་མེད། འོན་ཀྱང་ད་ཆ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། བསོད་ནམས་སྟོབས་རྒྱལ་ལགས་འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་ཁོང་གི་ཞལ་འདོན་ཕྱག་དཔེའི་ནང་ཕྱི་ཟླ་ ༧ ཚེས་ ༡ ཉིན་བཞག་པའི་ཞལ་ཆེམས་ཞིག་ཀྱང་རྙེད་སོན་བྱུང་འདུག་པ་གཤམ་གསལ།
རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་རྣམས་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་གནས་ཀྱི་འགོ་ཁྲིད་དག་ལ་ཆེད་ཞུ།

གུས་པ་ནི་ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ནས་ཡིན། རང་ལོ་ ༢༧ དང་ནང་ཆེན་བཀྲ་ཤིས་ཚང་གི་བུ་འབྲིང་བ་ཡིན། ད་སྐབས་རྫོང་སར་བཤད་གྲྭ་ནས་སློབ་སྦྱོང་བྱེད་བཞིན་ཡོད། རྒྱལ་ཕྱི་ནང་གི་མང་ཚོགས་ཡོངས་ཀྱིས་ཤེས་གསལ་ལྟར། རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ལ་གནས་ལུགསདང་བདེན་དྲང་མི་བསྟུན་པར། དྲག་གནོན་དང་སྡུག་རྩུབ་ཀྱི་ཁྲིམས་ལུགས་ཁོ་ན་བྱས་ཏེ་མི་རིགས་ཀྱི་ཆོས་ལུགས་དང་། སྲོལ་རྒྱུན། རིག་གཞུང་རྩ་མེད། ཁོར་ཡུག་གཏོར་བརླག་གི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་པའི་སྐབས། མང་ཚོགས་ལ་སྨྲ་བརྗོད་རང་དབང་མེད་པ་དང་། གནས་ལུགས་དང་བདེ་སྡུག་གི་སྐད་ཆ་ཡར་ཞུ་བྱེད་ས་རྩ་བ་ནས་མེད། ད་དུང་། མང་ཚོགས་ཁ་ཤས་ཀྱིས་བདེན་དོན་དང་སྐྱིད་སྡུག་སྐད་ཆ་ཡར་ཞུ་བྱེད་དུས་དྲག་གནོན་དང་འཛིན་བཟུང་ཁོ་ན་བྱེད་པ་ལས་མང་ཚོགས་ཀྱི་རེ་འདུན་དང་སྐྱིད་སྡུག་ལ་བསམ་ནས་ཐག་གཅོད་གང་ཡང་མེད། མ་ཟད། དགོན་སྡེ་དང་གྲྭ་བཙུན་ལ་གཡོ་རྒྱུ་སྣ་ཚོགས་བྱས་ཏེ་བཀག་སྡོམ་བྱེད་པ་སོགས་མདོར་ན་གྲངས་ཉུང་མི་རིགས་རྩ་མེད་དུ་གཏོང་བའི་ཇུས་འགོད་ངན་པའི་བྱ་བ་གང་ཐུབ་བྱེད་བཞིན་ཡོད། ང་ཚོ་མང་ཚཽགས་ཚང་མའི་རེ་བ་གཙོ་བོ་ནི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་ནང་དུ་༸ཞབས་སོར་འགོད་དགོས་པ་དེ་ཡིན། ང་ཚོ་ལ་བདེན་དོན་དང་གནས་ལུགས་སོགས་གང་ཡང་བཤད་དབང་མེད་པའི་ཕྱིར་ངའི་ཚེ་སྲོག་གིས་སྤྱིར་འཛམ་བུ་གླིང་དང་ཡང་སྒོས་སུ་རྒྱ་ནག་སྲིད་གཞུང་དང་མི་དམངས་ལ་བདེན་དཔང་བྱེད་དགོས་བྱུང་། ཤ་རུས་གཅིག་ལས་ཆད་པའི་སྤུན་ཟླ་རྣམས་ཀྱིས་གོ་མེད་ཚོར་མེད་མ་གནང་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མ་འོངས་པར་མི་རིགས་འདི་བདེན་མཐའ་གསལ་བའི་ཆེད་དུ་ཚང་མས་འབད་བརྩོན་ཅི་ནས་གནང་རོགས་ཞུ།། གྲྭ་བསོད་ནམས་སྟོབས་རྒྱལ་ནས་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡ ཉིན་ཤར་མར་བྲིས།།
News from tibet.net

Thursday, May 28, 2015

སངས་རྒྱས་མཚོ། Sangye Tso

བོད་ཀྱི་བང་ཆེན་ ༢༠༡༥ ཟླ་བ་ ༥ ཚེས ༢༧ དུས་ཚོད ༥:༠༦༠ ཕྱི་དྲོ།
ཟླ་འདིའི་ཚེས་༢༧ ཉིན་གྱི་ཞོགས་པའི་སྔ་པོ་ཆུ་ཚོད་བོད་ནང་གི་ཆུ་ཚོད་༤ ཙམ་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས། ཆབ་བུ་གཤིས་སམ་ཉིན་པ་ཡུལ་ཚོ་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས། རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་ས་(分局) རུ་བོད་མི་་སངས་རྒྱས་མཚོ་ཞེས་པས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

Monday, May 25, 2015

བསྟན་འཛིན་རྒྱ་མཚོ། Tenzin Gyatso

འདོན་སྤེལ། ༢༠༡༥/༠༥/༢༡ འདི་གའི་གསར་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༨།༠༠ ཙམ་ལ་ཁམས་རྟའུ་རྫོང་ཁང་སར་ཞང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
ས་གནས་མི་མང་ཚོས་བརྗོད་པ་ལྟར་ན། བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དགོས་དོན། ཉིན་ཤས་སྔོན་ནས་བཟུང་ས་གནས་དེ་ཁུལ་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་ཧ་ཅང་མང་པོ་བསླེབས་ཏེ། མང་ཚོགས་ལ་འཇིགས་སྐུལ་དཔུང་ངོམ་བྱས་པ་མ་ཟད། དོན་མེད་དུ་ས་གནས་བོད་མི་ཚོར་གང་བྱུང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་སྟབས། ཁོང་གིས་སྣང་ཚུལ་དེར་སེམས་ཀྱིས་མ་བཟོད་པར་ཞི་བའི་ཡ་ལན་གྱི་ཚུལ་དུ་རང་ལུས་མེར་བསྲེགས་གནང་བ་ཞིག་ཡིན་འདུག
རྒྱལ་གཅེས་དཔའ་བསྟན་འཛིན་རྒྱ་མཚོ་ལགས་ནི། རྟའུ་རྫོང་ཁང་གསར་ཞིང་། ཁུ་ནན་གྲོང་པ་ནས་ཡིན་པ་དང་ད་ལྟ་རང་ལོ་ ༣༥ ཡིན་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང་། ཁོང་བཟའ་མི་གཉིས་ལ་ཕྲུ་གུ་ ༤ ཡོད་པ་དག་ནི། སྟོབས་ལྡན་དང་ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་ཡིན་འདུག

Friday, April 17, 2015

དམ་དཀར། Dhamkar

ཁ་སང་སླར་ཡང་བོད་ཨ་མདོ་རྔ་པར་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
མདང་ནུབ་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་བོད་ཨ་མདོ་རྔ་པ་ཁུལ་དུ་སླར་ཡང་བོད་མི་ཞིག་གིས་བོད་པའི་བདེན་དོན་འཐབ་རྩོད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག འདས་སོན་དང་དེའི་རྗེས་ཀྱི་གནས་ཚུལ་ལག་སོན་མ་བྱུང་ཡང་། གནས་ཚུལ་དང་ལྷན་དུ་པར་འགའ་ཐོན་གསལ་ལྟར་ན་གསོན་རེ་མེད་པའི་གནས་སྟངས་ཆགས་འདུག
ཡང་བརྒྱུད་ལམ་གཞན་ཞིག་ཏུ་གནས་ཚུལ་ཐོན་པར། རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་གནས་སྐྱབས་ཟེར་ཞིང་རྔ་སྟོད་ཨ་འདུས་ཡུལ་ཚོ་ནས་ཡིན་འདུག ཁོང་ཡག་མགོ་དགོན་པའི་གྲྭ་ཟུར་ཞིག་ཡིན་ཞིང་། ད་ཆར་ནང་དུ་སྐྱེས་དམན་དང་བུ་མོ་གཅིག་བཅས་ཡོད་འདུག  ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་"༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་ཐར་དགོས།" ཞེས་འབོད་ཚིག་བསྒྲགས་ཡོད་པ་མ་ཟད། ཁོང་གིས་རང་ལུས་མེར་བསྲེགས་མ་གནང་སྔོན་ཙམ་ལ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་གཙོ་བོར་བྱས་ཏེ། མཐའ་ཁོར་དུ་ཁོ་རང་གི་ནང་མིའི་པར་བཅས་བཤམས་ཏེ།  དེའི་མདུན་དུ་མེ་ཏོག་དང་མཆོད་རྫས་འགའ་ཡང་བསྒྲིགས་ཡོད་འདུག
ད་སྔ་ཁོང་གི་མིང་དང་ལོ། ས་གནས་དང་ནང་མིའི་གནས་ཚུལ་སོགས་ཀྱི་གནས་ཚུལ་ཁ་གསལ་རག་ཐུབ་མ་སོང་བས། གནས་ཚུལ་ཐོན་རིམ་བཞིན་ཇེ་རྒྱས་སུ་གཏོང་ངེས་ཡིན།
ཐོན་རིམ་གཉིས་པ། རང་ལུས་མེར་བསྲེགས་གནང་མཁན་ཁོང་དེ་མ་ཐག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་རྗེས་རྒྱ་གཞུང་ཉེན་རྟོག་པ་ཡོང་སྟེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག
ཐོན་རིམ་གསུམ་པ། རྔ་པ་ཨ་འདུས་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ནས་གནས་ཚུལ་ཁ་གསལ་མཁོ་སྤྲོད་གནང་བ་ལྟར་ན།

Friday, April 10, 2015

ཡེ་ཤེས་མཁའ་འགྲོ། Yeshe Khado

འདོན་སྤེལ། ༢༠༡༥/༠༤/༡༠
ཟླ་འདིའི་ཕྱི་ཚེས་ ༨ ཉིན་དཀར་མཛེས་རྫོང་ཁྲོམ་གཞུང་དུ་བཙུན་མ་ཡེ་ཤེས་མཁའ་འགྲོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
འདི་གར་གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ ཡས་མས་སུ། དཀར་མཛེས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སྐུ་འབུམ་ཞབས་ཏུ་ངང་སྒང་ཇོ་མོ་དགོན་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོ་ཞུ་བ་ཞིག་གིས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ༧ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་གནང་བཞིན་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་མེ་གསོད་ཡོ་བྱད་ཀྱིས་མེ་བསད་དེ་བཙན་ཁྲིད་བྱས་འདུག ཕྱི་ཚེས ༩ ཉིན། ཉེན་རྟོག་པས་ཁོང་མོའི་ནང་མིར་སྐད་བཏང་འདུག་ཀྱང་སྐུ་ཕུང་ཚུར་སྤྲད་མེད་པ་རེད།
བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ནི་བྲག་འགོ་རྫོང་ཏྲེ་ཧོར་བྲག་ཟུར་གྲོང་བྲག་ཟུར་ཚང་ནས་ཡིན་པ་དང་། གཅེས་མིང་ལ་ཡེས་ཡང་ཞུ་བ་དང་ད་ལོར་རང་ལོ ༤༧ ཡིན་འདུག ཁོང་མོ་ལོ་མང་རིང་རང་དགོན་དུ་བསྙེན་མཚམས་སུ་བསྡད་ཡོད་པ་མ་ཟད།   ཉམ་ཆུང་ཚུལ་མཐུན་དང་རྒྱུན་དུ་བོད་དོན་ཐད་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་འདུག
ད་ལྟའི་ཆར་ཤི་གསོན་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། སྐབས་དེར་དངོས་སུ་མཐོང་མཁན་ཕལ་ཆེར་བས་བཙུན་མ་ཁོང་སྐུ་གྲོངས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཉིན་དེའི་ཞོགས་པར་ཁོང་མོས་དཀར་མཛེས་དགོན་པར་སྐོར་བ་ཁ་ཤས་གནང་རྗེས། རྫོང་ཉེན་རྟོག་ཁང་གི་ཉེ་འཁྲིས་སུ་ཕྱིན་ཏེ་རང་ལུས་མེར་བསྲེགས་གནང་ཡོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས། ཡ་མཚན་པ་ཞིག་ལ་ད་ལན་མེར་སྲེག་གི་དོན་རྐྱེན་དེ་བྱུང་རྗེས་དཀར་མཛེས་ཁྲོམ་གཞུང་དུ་ཉེན་རྟོག་པས་འཇིགས་སྐུལ་དང་དམག་གིས་བསྐོར་གཡེང་སོགས་གང་ཡང་མ་བྱས་པར་རྒྱུན་ལྡན་ལྟར་བཞག་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
News from tibettimes.net 




Sunday, March 8, 2015

ནོར་ཕྱུག Norchug

༢༠༡༥/༠༣/༠༨ གཟའ་ཕུར་བའི་ཉིན་གྱི་དགོང་མོ་རྔ་པ་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བུའི་བུད་མེད་ནོར་ཕྱུག་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་གསར་དུ་ཤེས་རྟོགས་བྱུང་འདུག

དེ་རིང་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བོད་ལུགས་ཆོ་འཕྲུལ་དུས་ཆེན་ཉིན་ཏེ། ཕྱི་ཟླ་ ༣ ཚེས་ ༥ ཉིན་གྱི་མཚན་མོར། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བུད་མེད་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
འདི་གར་འབྱོར་བའི་གནས་ཚུལ་ལྟར་ན། ནོར་ཕྱུག་ལགས་རང་ལོ་ ༤༧ ཡིན་ཞིང་། དྷི་ཕུ་དགོན་གྱི་ལྷ་སྡེ་མ་ཎི་སྐྱབས་ཚང་གི་ཕ་ཚེ་བདག་དང་། མ་འོད་སྒྲོན་གཉིས་ཀྱི་བུ་མོ་ཡིན་པ་དང་། ཁྱོ་གའི་མིང་ལ་དཔལ་རྩལ་ཟེར་ཞིང་ཁོང་གཉིས་ལ་བུ་ཕུན་ཚོགས་དང་། བུ་མོ་མང་ག བུ་མོ་ཚེ་འཛིན་སྐྱིད་བཅས་བུ་བུ་མོ་གསུམ་ཡོད་འདུག་ལ། ཁོང་མོས་ལོ་ཤས་གོང་ནས་༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་དམིགས་ཏེ་དམར་ཟས་རྩ་བ་ནས་སྤངས་ཡོད་འདུག

ཁོང་མོས་མཚན་མོ་དེར་རང་ལུས་མེར་བསྲེགས་བཏང་བ་ཡིན་སྟབས་སྐུ་ཕུང་རྒྱ་ལག་ཤོར་མེད་ནའང་རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་ཕྱི་ཚེས་ ༦ ཉིན་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་ཞུགས་འབུལ་ཞུས་ཡོད་ཅིང་། 

Wednesday, December 24, 2014

སྐལ་བཟང་ཡེ་ཤེས། Kalsang Yeshe

གནས་ཚུལ་ཐོན་པར་དེ་རིང་སྔ་དྲོར་བོད་ནང་གི་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་འདི་ག་གསར་ཁང་གི་གློག་འཕྲིན་ནང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༡།༢༠ ཙམ་ལ་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
དེ་རི་ཕྱི་དྲོར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུའང་གོང་གསལ་གནས་ཚུལ་དང་པར་ཁག་ཅིག་བརྒྱུད་འགོད་བྱེད་བཞིན་འདུག་ཀྱང་། ད་སྔ་ཁོང་གི་ལོ་དང་ནང་མིའི་གནས་ཚུལ། རང་ལུས་མེར་བསྲེགས་རྗེས་གནས་ཚུལ་ཅི་བྱུང་སོགས་ཞིབ་ཕྲ་གང་ཡང་རག་ཐུབ་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་ངེས་ཡིན།
གནས་ཚུལ་ཐོན་རིམ་གཉིས་པ། དེ་རིང་རང་ལུས་མེར་བསྲེགས་གནང་མཁན་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པའི་རྒྱ་གཞུང་གི་ལྟ་སྲུང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ། "༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས།" ཞེས་སྐད་འབོད་གནང་བཞིན་སྐུ་ལུས་མེར་བསྲེགས་གནང་ཡོད་འདུག

Tuesday, December 23, 2014

ཚེ་པེ། Tsepe

འདི་གར་རྔ་བ་ནས་ཡིན་པ་འཇམ་དབྱངས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་རྔ་བ་ཁུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་དུ། བོད་རིགས་བུད་མེད་ཅིག་གིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་ཡོད་འདུག ད་ལྟའི་ཆར་ཁོང་མོ་འདས་གྲོངས་སུ་ཕྱིན་ཡོད་མེད་དང་མཚན་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མི་འདུག་པས་ཐོན་རིམ་བཞིན་དུ་འགོད་ངེས་ཡིན།
གནས་ཚུལ་ཐོན་རིམ་གཉིས་པ། རང་ལུས་མེར་བསྲེགས་གནང་མཁན་དེའི་མཚན་ལ་ཚེ་པེ་ཞུ་བ་དང་། ད་ལྟ་རང་ལོ་ ༢༠ ཡིན་ཞིང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་པ་ནས་ཡིན་ལ། ཕ་མིང་ལ་ཆུ་རྡོ་རིན་ཆེན་དང་མ་མིང་ལ་ཅན་དཔའ་ཟེར་གྱི་ཡོད་འདུག ཁོང་མོ་ཡུལ་དངོས་སུ་འདས་གྲོངས་ཏུ་ཕྱིན་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ཏེ་སྐུ་ཕུང་ཁྱེར་ཡོད་འདུག
གནས་ཚུལ་ཐོན་རིམ་གསུམ་པ། ཕ་ཆུ་རྡོར་དང་མ་ཅན་དཔའ་གཉིས་ལ་བུ་མོ་དྲུག་ཡོད་པ་ལས་རང་ལུས་མེར་བསྲེགས་གནང་མཁན་ཚེ་པེ་ནི་བཞི་བ་དེ་ཡིན་པ་དང་། ཆུང་དུས་སློབ་གྲྭ་སོགས་ལ་འགྲོ་མྱོང་མེད་པར་ཕ་མ་དང་མཉམ་དུ་འབྲོག་པའི་འཚོ་བ་བསྐྱལ་ནས་འཚར་ལོངས་བྱུང་བ་དང་། གཞན་གྱིས་བསྔགས་བརྗོད་བྱེད་ཡུལ་གྱི་བུ་མོ་གཞུང་དྲང་གཤིས་འཇམ་ཞིག་ཡིན་འདུག
མེར་བསྲེགས་གནས་ཚུལ་དེ་བྱུང་མ་ཐག་ལོ་ན་ལྔ་ཅུ་ནས་དྲུག་ཅུ་བརྒལ་བའི་ཁོང་མོའི་ཕ་མ་གཉིས་ཀྱང་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་ཀྱང་། ད་ཆར་མུ་མཐུད་བཀག་བསྐྱིལ་བྱས་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག གནས་ཚུལ་གཏོང་མཁན་བཞུགས་སྒར་ཀིརྟིའི་བྱེས་པ་གྲ་ཚང་གི་བོད་ནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

DHARAMSHALA: A twenty-year-old Tibetan girl burned herself to death in an apparent protest against the Chinese government at Meuruma township in Ngaba county, Ngaba Tibetan Autonomous Prefecture (incorporated into China’s Sichuan Province), media reports say.
Tsephe, 20, set herself on fire today to protest the Chinese government’s repressive measures in Tibetan areas. Chinese authorities arrived at the site of the self-immolation within minutes and seized her body, a source from the region was quoted as saying.

སངས་རྒྱས་མཁར། Snggye Khar

བླ་བྲང་ཨ་མཆོག་ཞིང་གི་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་འདུན་དུ་བོད་མི་སངས་རྒྱས་མཁར་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་
ཆུ་ཚོད་ ༩ པ་ཙམ་ལ། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོ་ནས་ཡིན་པའི་ཕ་དབང་ལོ་དང་། མ་གཡུ་སྒྲོན་གཉིས་ཀྱི་བུ་སངས་རྒྱས་མཁར་ལགས་ཀྱིས། ཨ་མཆོག་ཞང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

ཁོང་གིས་རང་ལུས་མེར་བསྲེགས་བཏང་རྗེས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་ཕུང་བོ་བཙན་འཕྲོག་བྱས་ཡོད་པ་དང་། ས་གནས་མང་ཚོགས་ཚོས་ཉེན་རྟོག་པས་ཁོང་གི་ཕུང་བོ་བསང་ཆུ་རྫོང་དུ་འཁྱེར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག དེ་མིན་གནས་ཚུལ་གཞན་ད་སྔ་རག་ཐུབ་མ་སོང་ཡང་། སངས་རྒྱས་མཁར་ལགས་ད་ལྟ་རང་ལོ་ ༣༤ ཡིན་པ་དང་བྱིས་པ་བུ་མོ་གཉིས་ཡོད་འདུག
DHARAMSHALA: A Tibetan man, Sangye Khar, aged 34, set himself on fire yesterday around 9 am (local time) in front of a police station in Amchok town, Sangchu county in Kanlho Tibetan Autonomous Prefecture (incorporated into China’s Gansu Province). He died on the spot, according to media reports and human rights group.