Monday, December 10, 2012

བན་ཆེན་སྐྱིད། Benchen Kyi


༢༠༡༢/༡༢/༩ ཉིན་རེབ་གོང་རྩེ་ཁོག་ཏུ་སློབ་ཕྲུག་བུ་མོ་རང་ལོ་ ༡༧ ཅན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
སུད་སིར་གནས་བཞུགས་ཤ་བོ་རྡོ་རྗེ་ལགས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༩ དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༨ པ་ཡས་མས་ལ། བོད་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བུ་མོ་བན་ཆེན་སྐྱིད་ཞུ་བ་ཞིག་གིས། "༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག བོད་མི་མང་ཁྲི་ལོ་བརྟན་པར་ཤོག”ཅེས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

ཁོང་མོ་སློབ་གྲྭ་དམའ་འབྲིང་དང་པོ་༼འཛིན་རིམ་བདུན་པ༽ཡིན་འདུག་ལ། ཁོང་མོས་མེར་བསྲེགས་མ་བཏང་སྔོན་ལ་མོ་རང་གི་
གྲོགས་མོ་ཞིག་ལ། “ངས་བོད་པའི་ལ་རྒྱའི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན། ཞང་ཐོག་ཏུ་སོང་ནས་སྲིད་གཞུང་སྒོ་ཁ་ནས་མེར་བསྲེགས་བཏང་ན། ངའི་ཕུང་པོ་ཕ་མའི་ལག་ཏུ་རག་རྒྱུ་མ་རེད། ད་ངས་འབྲོག་ས་རང་ནས་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་བརྗོད་ཡོད་འདུག

བན་ཆེན་སྐྱིད་ལགས་ད་ལྟ་རང་ལོ་ ༡༧ ཡིན་འདུག་ལ། ཁོང་མོའི་ཕ་མིང་ལ་བསོད་ནམས་ཚེ་རིང་དང་མ་མིང་ལ་གསེར་མོ། སྤུན་མཆེད་གཉིས་ཡོད་པ་ལས་མོ་རང་འབྲིང་བ་དེ་ཡིན་འདུག ཁོང་མོ་ནམ་རྒྱུན་སློབ་སྦྱོང་ཐོག་བརྩོན་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ལ་ཞེན་དང་བོད་རྒྱའི་གནད་དོན་ཐོག་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། དོ་ནུབ་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢།༡༥ ཐོག་མེར་བསྲེགས་གཏོང་ཡུལ་དེར་ས་གནས་མང་ཚོགས་ཕོན་ཆེན་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དབྱིངས་ལ་གྱུར་བཞིན་ཁོང་མོའི་ཕུང་པོ་ཞུགས་འབུལ་གནང་ཡོད་འདུག་ལ། སྐབས་དེར་མང་ཚོགས་ཀྱིས་སྐད་འབོད་རྒྱག་གི་ཡོད་པའི་སྒྲ་ཁ་པར་ལས་དངོས་སུ་ཐོས་ཐུབ་ཀྱི་འདུག་ཟེར།
News from tibettimes.net

No comments:

Post a Comment