༢༠༡༣/༠༩/༢༨ གནས་ཚུལ་འབྱོར་གསལ་ལ། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༤།༣༠ ཙམ་ལ། རྔ་པ་སྒོ་མང་དགོན་ལྷ་སྡེ་མཐའ་བའི་ཞི་ཆུང་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

མང་ཚོགས་ཀྱིས་སྐུ་ཕུང་ཁྱིམ་དུ་གདན་འདྲེན་ཞུས་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ ༡༠༠ ལྷག་འབྱོར་ཏེ་མང་ཚོགས་ལ་འཇིགས་སྐུལ་བྱས་ཏེ་ཕུང་བོ་རྩིས་སྤྲོད་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། རིམ་བཞིན་མང་ཚོགས་ཀྱང་ཇེ་མང་དུ་སོང་སྟེ་ཕྱོགས་གཉིས་བར་གདོང་ཐུག་བྱུང་ལ་ཉེ་སྐབས། སྡེ་བའི་རྒན་པོ་ཚོས་མང་ཚོགས་ལ་ཞུ་བ་བྱས་ཏེ་ཛ་དྲག་གི་གནས་ཚུལ་བྱུང་བཅུག་མེད་ཀྱང་འདས་པོའི་སྐུ་ཕུང་རྒྱ་དམག་གིས་བཙན་འཕྲོག་བྱས་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་སྡེ་བའི་མན་སྟོན་ཡང་མཚམས་འཇོག་བྱས་ཡོད་འདུག
ཞི་ཆུང་ལགས་རང་ལོ་ ༤༡ ཡིན་པ་དང་། ཁོའི་སྐྱེས་དམན་གྱི་མིང་ལ་བ་ལོ་ཟེར་ཞིང་རང་ལོ་ ༣༩ ཡིན་འདུག ཁོང་བཟའ་མི་གཉིས་ལ་རང་ལོ་ ༡༨ ཅན་གྱི་བུ་མོ་ཚེ་པོ་ཟེར་བ་ཞིག་དང་། རང་ལོ་ ༡༤ ཅན་གྱི་བུ་ཕུན་ཚོགས་ཟེར་བ་ཞིག་བཅས་བྱིས་པ་གཉིས་ཡོད་འདུག
སྒོ་མང་མཐའ་བ་སྡེ་བས་ཁ་སང་མན་སྟོན་གྲ་སྒྲིག་བྱེད་སྐབས། རྒྱ་ནག་གི་དཔོན་རིགས་དང་ཉེན་རྟོག་པ་མང་པོ་ཞིག་ཀྱང་དེར་འབྱོར་ཏེ་ལྟ་རྟོག་བྱེད་ཀྱིན་ཡོད་པ་དང་། སྐབས་དེར་ཞི་ཆུང་ལགས་ཀྱིས་ཁོ་རང་གི་གྲོགས་པོ་ཞིག་ལ། “རྒྱ་རྒན་འདི་དག་གིས་ང་ཚོ་འདུག་གི་འཇུག་ས་མ་རེད། ངས་ཁོ་ཚོའི་གམ་ནས་རང་ལུས་མེར་བསྲེགས་གཏོང་དགོས་ས་རེད” ཅེས་བརྗོད་ཡོད་འདུག
དེ་རིང་ཉིན་གུང་ཞི་ཆུང་ལགས་ཁྱིམ་དུ་སོང་སྟེ་༧གོང་ས་མཆོག་གི་སྐུ་པར་ཞིག་ཞལ་ཕྱེས་པའི་མདུན་དུ་མཆོད་མེ་ཞིག་བསྒྲོན་རྗེས་རང་ལུས་མེར་བསྲེགས་གནང་ཡོད་འདུག
News from tibettimes.net