Wednesday, April 24, 2013

དཀོན་མཆོག་འོད་ཟེར། Konchok Woser


དེ་རིང་ཕྱི་དྲོར་བོད་ཨ་མདོ་རྔ་པ་ཁུལ་མཛོ་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དཀོན་མཆོག་འོད་ཟེར་གྱིས་དགོན་པའི་འདུ་ཁང་ཉེ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ། དེ་རིང་བོད་ནང་གི་ཆུ་ཚོད་ ༦།༤༠ ཙམ་ལ་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་མོ་ཀིརྟི་དགོན་པའི་རང་ལོ་ ༢༣ ཡིན་པའི་གྲྭ་དཀོན་མཆོག་འོད་ཟེར་གྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་སྟེ་འདས་གྲོངས་སུ་ཕྱན་ཡོད་འདུག

སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གི་སྐུ་ཕུང་གྲྭ་ཤག་ཏུ་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གི་སྐུ་ཕུང་སང་ཉིན་སྔ་དྲོར་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་གིས་བརྡ་ལན་འབྱོར་ཡོད་འདུག
 གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། མ་བསམ་འགྲུབ་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་ཡིན་འདུག

ཁོང་ཆུང་དུས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་རྒྱུད་པ་གྲྭ་ཚང་ཡིན་འདུག་ལ། ཁོང་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་ཞིག་ཡིན་འདུག

སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་ ༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་ ༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་ ༧༠༠ ལྷག་ཡོད་འདུག
News from tibettimes.net

No comments:

Post a Comment