Friday, February 14, 2014

བློ་བཟང་རྡོ་རྗེ། Losang Dorje

༢༠༡༤/༠༢/༡༤ ཉིན་རྔ་པ་ཀིརྟི་དགོན་པའི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག
ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཡས་མས་སུ། རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་གནང་ཡོད་འདུག ད་ལྟའི་ཆར་རང་ལུས་མེར་བསྲེཊ་གནང་མཁན་གྱི་བོད་མི་དེ་མི་སྐྱ་ཞིག་ཡིན་པ་ཤེས་པ་ཙམ་ལས། མེར་བསྲེཊ་གནང་རྗེས་ཀྱི་འཆི་གསོན་གནས་སྟངས་དང་། ཁོང་གི་མཚན་བཅས་གསལ་བོ་ཤེས་ཐུབ་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཇེ་རྒྱས་སུ་གཏོང་རྒྱུ་ཡིན།

རིམ་པ་གཉིས་པ། མདང་ནུབ་བསྐྱར་དུ་གནས་ཚུལ་འབྱོར་བར། རྔ་པར་རང་ལུས་མེར་བསྲེཊ་གནང་མཁན་གྱི་བོད་མི་ཁོང་གི་མིང་ལ་རྡོ་རྗེ་ཞུ་བཞིན་ཡོད་པ་དང་། ཁོང་རྔ་པ་རྒྱ་འབུམ་ཕྱུག་རྭ་གོང་མ་ནས་ཡིན་འདུག ཁ་སང་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༦།༣༠ ཙམ་ལ་རྡོ་རྗེ་ལགས་ཀྱིས་རྔ་པ་རྫོང་གི་དཔའ་བོའི་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས། དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་མ་ཟད། རྔ་པ་རྫོང་གི་ས་གནས་གང་སར་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་འདུག

རིམ་པ་གསུམ་པ། ཀིརྟི་བྱེས་བ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་ཚེ་དཔག་དང་མ་ན་མེ་སྐྱིད་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ། རང་ལོ་ ༢༥ ཙམ་ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲུད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་བཏང་ཡོད་འདུག
གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་དུ་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་དེ་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་གི་ནང་དུ་བཞག་ཅིང་སྟེང་ལ་རས་ནག་པོ་ཞིག་བཀབ་ནས་བཙན་ཁྲིད་བྱས་ཀྱང་སྐབས་དེར་ཁོང་གིས་མགོ་ཡར་བཀྱགས་ནས་ལག་གཉིས་ཐར་མོ་སྦྱར་ཡོད་ཀྱང་དེ་མ་ཐག་ཉེན་རྟོག་པས་མར་མནན་ནས་ཁྱེར་ཡོད་ནའང་། ད་ལྟའི་ཤི་གསོན་གྱི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད་པ་དང་། ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག་ལ། ལོ་ཤས་གོང་ཕ་མ་གཉིས་ཁ་ཁར་གྱུར་ཡོད་འདུག

བློ་བཟང་རྡོ་རྗེ་ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་། རྗེས་སུ་སྐྱ་སར་བབ་རྗེས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ་མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་འཁྲུད་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཟླ་ཤས་གོང་ནས་ཕྱུགས་ལས་གོང་མར་ཡོང་ནས་ཕ་ཚེ་དཔག་དང་མཉམ་དུ་བསྡད་ཅིང་དེའི་རྗེས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་འདུག ཁ་སང་བོད་ཚེས་བཅུ་བཞིའི་ཉིན་རྔ་བ་ཀིརྟི་དགོན་པའི་འཆམ་ལ་ཁེལ་ཡོད་པ་དང་སྔ་དྲོ་ཁོང་འཆམ་ལ་མཇལ་དུ་ཡོང་ཡོད་འདུག གནས་ཚུལ་དེ་བྱུང་ཙམ་ནས་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་མང་པོས་དམ་དྲག་ནན་མོ་བྱེད་བཞིན་ཡོད་འདུག

གནས་ཚུལ་ཐོན་རིམ་བཞི་པ། 
༢༠༡༤/༠༢/༡༦ ཉེ་ལམ་རྔ་པར་རང་ལུས་མེར་བསྲེགས་གནང་མཁན་བློ་བཟང་རྡོ་རྗེ་ལགས་དེ་རིང་རྔ་པ་ཁུལ་ལྟེ་གནས་འབར་ཁམས་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཨ་མདོ་རྔ་པ་ནས་རང་ལུས་མེར་སྲེག་གནང་བཞིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་རྡོ་རྗེ་ལགས་ཕྱི་ཚེས་ ༡༦ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སྨན་ཁང་ཞིག་ནང་འདས་གྲོངས་སུ་གྱུར་ཡོད་པ་དང་། ནང་མིས་འབྲེལ་ཡོད་ཚང་མར་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་བ་ནན་གྱིས་བཏོན་ཡང་། སྐུ་ཕུང་ནང་མིར་བརྩིས་སྤྲོད་བྱས་མེད་པར་རྒྱ་གཞུང་གིས་མེར་སྲེག་བཏང་ནས་རུས་ཐལ་ཡིན་ཟེར་བ་ཞིག་སྤྲད་ཡོད་འདུག
ནང་མི་དང་གཉེན་ཉེ་སོགས་ཀྱིས་དཔའ་བོ་ཁོང་གི་རྗེས་འཇུག་སྒྲུབ་བཞིན་ཡོད་ཅིང་། རྔ་པ་མི་མང་གིས་ཉིན་གསུམ་རིང་ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབ་ནས་དཔའ་བོ་ཁོང་གི་ཆེད་དགོན་པ་ཁག་ལ་བསྔོ་རྟེན་ཕུལ་བ་ནང་མིར་སེམས་གསོའི་ཞལ་འདེབས་ཕུལ་བ་སོགས་དགེ་སྦྱོར་ལ་བརྩོན་བཞིན་གདུང་སེམས་མཉམ་སྐྱེད་གནང་ཡོད་འདུག
དེང་རྔ་པའི་དགོན་པ་ཁག་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པ་དང་སྐབས་ཁེལ་ཡོད་ཅིང་། ཉེན་རྟོག་པ་མང་པོས་མི་མང་དཀྱུས་མ་ལ་བརྫུས་ཏེ་མི་མང་ཁྲོད་ཉུལ་མ་བྱེད་བཞིན་ཡོད་པ་དང་། དེ་བཞིན་དྲག་ཆས་ཉེན་རྟོག་པ་མང་པོས་རྔ་པའི་སྟོད་སྨད་བར་གསུམ་དུ་མངོན་གསལ་དོད་པོའི་སྒོ་ནས་ཀྱང་དམ་དྲག་བྱེད་བཞིན་ཡོད་འདུག ཅེས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།
News from tibettimes.net

No comments:

Post a Comment