ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་བོད་མི་དོན་གྲུབ་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། རྗེས་སུ་སྐུ་གྲོངས་ཡོད་པའི་གནས་ཚུལ་དགུ་བཅུ་གསུམ་རྒྱུན་ལས་ལྷ་ཆབ་སྦྱིན་པས་འགྲེལ་བརྗོད་གནང་སོང་།
མེར་སྲེག་གཏོང་དུས་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩།༤༧ ཙམ་ཡིན་པ་དང་། བླ་བྲང་བསང་ཆུ་རྫོང་དུ་ཡོད་པའི་བླ་བྲང་དགོན་པའི་གསེར་ཁང་ཆེན་མོའི་ཉེ་འགྲམ་ཡིན་འདུག ཅང་མ་འགོར་ཉེ་འཁོར་དུ་ཡོད་པའི་དམག་མི་དང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་བྱས་ནའང་། གྲྭ་པ་ཚོས་ཁྲིད་མ་བཅུག་པར་དགོན་པའི་སྨན་ཁང་དུ་ཁྲིད་ཡོད་ནའང་། རྗེས་སུ་སྐུ་གྲོངས་པའི་གནས་ཚུལ་འདུག
ཁོང་གི་མིང་ལ་དོན་གྲུབ་དང་། རང་ལོ་༦༠ ཡས་མས་ཤིག་རེད་ཟེར། དེ་མིན་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་བྱུང་མི་འདུག ད་ལྟ་ཆར་བླ་བྲང་དུ་བརྒྱུད་ལམ་ཚང་མ་བཀག་པ་དང་། ས་གནས་སུ་རྒྱ་གཞུང་གིས་དམ་དྲག་ཆེན་པོ་ཡོད་པས། འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་ལྷ་ཆབ་སྦྱིན་པས་འགྲེལ་བརྗོད་གནང་སོང་།།
ཁོང་གིས་མཐུད་འགྲེལ་བརྗོད་གནང་བ་ལྟར་ན། རྒྱལ་གཅེས་དཔའ་བོ་དོན་གྲུབ་ནི་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཁོངས་གནམ་ལྷ་གོང་ཞོལ་བར་གསུམ་དུ་ཕྱེས་པའི་ནང་ཚན་གནམ་ལྷ་གོང་མའི་ཧོར་ཁ་གྱ་སྡེ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་དྲུག་ཅུ་མ་ཟིན་ཙམ་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་སྒྲོལ་མ་འཚོ་དང་བུའི་མིང་ལ་བན་དེ་མཁར་ཟེར་ཞིང་། ལོ་ངོ་བཅོ་ལྔའི་ཡར་སྔོན་ཙམ་ལ་ཧོར་ཁ་གྱ་ནས་བླ་བྲང་སྔགས་སྡེ་རུ་གཞིས་སྤར་ནས་ད་ལྟ་སྔགས་པ་སྡེ་བ་རུ་སྡོད་མུས་དང་། ཕྱི་ཟླ་༡༠ ཚེས་༢༢ ཉིན་གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྟོན་ཆོས་ར་བའི་ནང་དུ་༸གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་ཞེས་སྐད་འབོད་དང་མཉམ་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
ཡོང་ཁུངས་བོད་ཀྱི་བང་ཆེན།
No comments:
Post a Comment