འདོན་སྤེལ། ༢༠༡༢/༡༡/༣༠ དེ་རིང་སྔ་དྲོར་བོད་ཨ་མདོ་རྔ་པ་མཛོད་དགེ་བཞག་ལྡོམ་དུ་བོད་མི་རང་ལོ་ ༢༩ ཡིན་པ་དཀོན་མཆོག་སྐྱབས་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ། དེི་རིང་ཕྱི་ཚེས་ ༣༠ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩ ཙམ་ལ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོགས་ཚང་གི་རང་ལོ་ ༢༩ ཡིན་པའི་བུ་དཀོན་མཆོག་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་བཞག་ལྡོམ་ཞང་ནས་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་རླངས་འཁོར་ནང་དུ་སྣུམ་ལྡུག་སའི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་གནང་ཡོད་འདུག
དེ་མ་ཐག་ས་གནས་ཉེན་རྟོག་པ་བསླེབས་ཏེ་ཁོང་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ལ་ཁྱེར་ཡོད་སྟབས། ད་སྔ་ཁོང་གི་ཤི་གསོན་ཤེས་རྟོགས་ཐུབ་མི་འདུག སྐབས་ཐོག་དེར་གཟའ་རུ་སྟོད་མའི་ཕོ་གསར་སྐོར་ཞིག་གིས་ཉེན་རྟོག་པའི་རྗེས་དེད་ནས་བརྒྱུགས་ཡོད་ཀྱང་། ཕྱིས་སུ་ཕོ་གསར་དག་ཀྱང་ཕྱིར་ཡོང་མེད་པར་གྱུར་སྟབས། ད་ལྟ་སྟེ་རྒྱ་གར་གྱི་ཆུ་ཚོད་ ༧ ཙམ་ལ་ས་གནས་ཀྱི་མི་མང་ཕོན་ཆེན་འདུ་འཛོམས་བྱེད་བཞིན་ཡོད་འདུག་ལ། མི་མང་གིས་ཕོ་གསར་རྣམས་དང་དཀོན་མཆོག་སྐྱབས་བཅས་ཕྱིར་སྤྲོད་དགོས་ཚུལ་བརྗོད་དེ་ངར་ཤུགས་ཆེན་པོས་ངོ་རྒོལ་བྱེད་རྩིས་བྱེད་བཞིན་ཡོད་པས་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག
དཀོན་མཆོག་སྐྱབས་ལགས་ཀྱི་ཕ་མིང་ལ་ཕུན་ཚོགས་དང་། མ་མིང་ལ་བློ་བཟང་སྒྲོལ་མ། རང་ལོ་ ༢༦ ཡིན་པའི་བཟའ་ཟླའི་མིང་ལ་པདྨ་སྐྱིད་དང་ཁོང་གཉིས་ལ་བྱིས་པ་གཉིས་ཡོད་པའི་ཆེ་བ་ལོ་༩ དང་ཆུང་བ་ལོ་༦ ཡིན་འདུག ཁོང་ལ་སྤུན་གཅིག་དང་སྲིང་མོ་གཉིས་ཡོད་འདུག
News from tibettimes.net
No comments:
Post a Comment