༢༠༡༣/༠༢/༡༨ ད་ལྟ་རིང་གནས་ཚུལ་འབྱོར་བཞིན་པ་ལྟར་ན། དེ་རིང་ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ། ཨ་མདོ་བླ་བྲང་གྲོང་ཁྱེར་གྱི་ག་ཆས་ཉེན་རྟོག་དཔུང་དམག་གི་ལས་ཁུངས་སྒོ་མདུན་གཞུང་ལམ་སྟེང་དུ་བོད་མི་ཞིག་གིས་རང་ལུས་མེ་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ས་གནས་མི་མང་ཚོས་མཐོང་ཚུལ་ལྟར་ན། མེ་ཤུགས་ཧ་ཅང་ཆེ་བའི་དབང་གིས་ཁོང་སྐུ་གྲོངས་ཡོད་པ་དང་། ཉེ་འགྲམ་དུ་འཕྲུལ་རྟ་ཞིག་བཞག་ཡོད་ཚུལ་ལ་བལྟས་ན་མི་སྐྱ་ཞིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག
གསར་འགོད་པས་མེར་བསྲེགས་གནང་མཁན་ཁོང་གི་མིང་དང་ལོ། གྲོང་སྡེ་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་མ་ཐུབ་པས་རིམ་པས་ཇེ་རྒྱས་སུ་གཏོང་རྒྱུ་ཡིན།
རིམ་པ་གཉིས་པ། ད་ལྟ་སླར་ཡང་གནས་ཚུལ་དང་ངོས་འཛིན་ལག་འཁྱེར་འབྱོར་བ་ལྟར་ན། དེ་རིང་ཕྱི་དྲོར་བླ་བྲང་བསང་ཆུ་རྫོང་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཁོང་ནི། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་། རི་སྔོན་སྡེ་བའི་གནམ་ལྷ་ཚེ་རིང་ཞུ་བ་ཁོང་ཡིན་པ་དང་། ངོས་འཛིན་ལག་འཁྱེར་ལྟར་ན། ཁོང་ཕྱི་ལོ་ ༡༩༦༤ ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་ཡིན་ཚུལ་བཀོད་འདུག ཁོང་ལ་བུ་བཞི་ཡོད་པ་ལས་གཅིག་གྲྭ་བྱས་ཡོད་འདུག
རིམ་པ་གསུམ་པ། དེ་རིང་རང་ལུས་མེར་བསྲེགས་གནང་མཁན་ཁོང་ལ་ཡོངས་གྲངས་སུ་ཧྭོ་བྷ་རུ་འབོད་ཅིང་། ཁོང་གི་ཕ་མིང་ལ་བསམ་འགྲུབ་དང་མ་མིང་ལ་བསོད་ཁོ། སྐྱེས་དམན་གྱི་མིང་ལ་འཚོ་ལོ་བཅས་ཟེར་ཞིང་། ཁོང་གཉིས་ལ་བུ་བཞི་ཡོད་པ་ལས་ཆེ་བ་གྲྭ་བ་བྱས་ཡོད་པ་དང་འབྲིང་བ་གཉིས་མཚེས་ཡིན་འདུག ཆུང་བའི་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་མེ་ཤུགས་ཧ་ཅང་ཆེ་བས་དབང་གིས་འདས་གྲོངས་སུ་སོང་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག
News from tibettimes.net
No comments:
Post a Comment