༢༠༡༣/༠༢/༢༥ དེ་རིང་ཉིན་གུང་སླར་ཡང་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཆོས་འཁོར་སྡེ་བའི་ཚེ་གཟུངས་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས། ཆོས་འཁོར་སྡེ་བའི་ཚེ་གཟུངས་སྐྱབས་ལགས་ཀྱིས་ཤིས་ཚང་དགོན་པའི་ཚོགས་ཆེན་འདུ་ཁང་སྒོ་མདུན་དུ། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
དེ་རིང་ནི་ལུགས་རྙིང་གི་ཚེས་ ༡༦ ལ་ཁེལ་ཡོད་སྟབས། ཀླུ་ཆུའི་ཤིས་ཚང་དགོན་གསར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དུ། སྨོན་ལམ་
ཆེན་མོའི་ཉིན་མཐའ་མ་སྟེ་བྱམས་པ་གླིང་སྐོར་སྐབས་ལ་ཁེལ་ཡོད་པ་དང་། ས་གནས་དེ་ཁུལ་གྱི་སྐྱ་སེར་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་སྟབས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་མ་ཐག་མི་མང་ཚོས་སྐུ་ཕུང་ལ་བདག་པོ་བརྒྱབ་སྟེ་རྒྱ་ལག་ཏུ་ཤོར་བཅུག་ཡོད་མི་འདུག
རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་རིང་དོན་གྲུབ་དང་མ་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་། ད་ལྟ་རང་ལོ་ ༢༧ ཡིན་འདུག ཁོང་ནི་དེ་སྔོན་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་ཤིས་ཚང་དགོན་པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་བ། ཀླུ་ཆུའི་ཤིས་ཚང་ཆོས་འཁོར་སྡེ་བའི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱི་མ་སྤུན་གྱི་བུ་སྤུན་ཡིན་འདུག
News from tibettimes.net
No comments:
Post a Comment