Friday, October 10, 2014

དཀོན་མཆོག Konchok

ཟླ་སྔོན་མའི་ཚེས་ ༡༧ ཉིན་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་སྐོར་སྐྱོད་བྱས་པ་དང་བསྟུན་ཏེ། མགོ་ལོག་དགའ་བདེ་རྫོང་གི་བོད་མི་རང་ལོ་ ༤༢ ཅན་ཞིག་གིས་ས་གནས་ཉེ་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་ཐད། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གསར་འགོད་བསྒྲགས་གཏམ་སྤེལ་འདུག
ཕྱི་ཟླ་ ༩ ཚེས་ ༡༧ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་དམེ་སྐོར་སྡེ་བའི་བོད་མི་དཀོན་མཆོག་ཞུ་བ་ཞིག་གིས། ས་གནས་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་ཡུལ་དངོས་སུ་ཡོད་པའི་བོད་མི་ཚོས་འཕྲལ་དུ་ཁོང་གི་ལུས་སྟེང་གི་མེ་བསད་ནས་མགོ་ལོག་ཁུལ་ཐོག་གི་སྨན་ཁང་ཞིག་ཏུ་བསྐྱལ་སྐབས།
ལམ་བར་དུ་ཉེན་རྟོག་པས་བཀག་འགོག་བྱས་སྟབས་མགོ་ལོག་ཁུལ་ཐོག་སྐྱེལ་མ་ཐུབ་པར་མཚན་མོ་དེར་ལམ་ཁ་གཞན་ཞིག་བརྒྱུད་དེ་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
སྨན་ཁང་དུ་ཁོང་དང་མཉམ་དུ་ཡོད་པའི་བོད་མི་ཞིག་གིས། དཀོན་མཆོག་ལགས་ལ་གསོན་རེ་ཆེན་པོ་མེད་པ་དང་། སྨན་ཁང་དུ་མཚམས་རེར་དྲན་པ་སོས་སྐབས་མིག་ནས་མཆི་མ་འདོན་བཞིན་དུ་ངས་དོན་དག་འགྲུབ་མ་སོང་ཞེས་ཡང་ཡང་རྗོད་ཀྱིན་ཡོད་ལུགས་དང་། ད་ལྟ་སྨན་ཁང་དེས་ཁོང་ལ་གསང་བའི་ཐོག་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་གི་ནང་མི་ཚོས་གལ་སྲིད་རྒྱ་གཞུང་གིས་ཁོང་སྨན་ཁང་གང་དུ་ཡོད་པ་ཤེས་ཚེ། རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱེད་སྲིད་པའི་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། ད་ལྟའི་ཆར་དམེ་སྐོར་སྡེ་བའི་ནང་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་གིས་ལྟ་སྲུང་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས། གལ་སྲིད་ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་ཚེ། དགོན་གྲོང་གཉིས་དང་དོ་བདག་ལ་ཆག་སྒོ་ཆེན་པོ་འབྱུང་རྒྱུ་ཡིན་སྟབས། ས་གནས་སུ་བྱུང་བའི་གནས་ཚུལ་རྣམས་བཤད་ཕོད་ཀྱི་མེད་ལུགས་སོགས་བརྗོད་ཡོད་འདུག
News from tibettimes.net 

No comments:

Post a Comment