Saturday, August 4, 2012

རྒྱ་ནག་ལ་ཡུ་སྒོར་སྟོང་ཕྲག་བཞི་ཡི་ཞབས་འདེབས་རྒྱག་གི་མིན།


རྒྱ་ནག་ལ་ཡུ་སྒོར་སྟོང་ཕྲག་བཞི་ཡི་ཞབས་འདེབས་རྒྱག་གི་མིན།

འཛམ་གླིང་གི་གོ་ལ་ཧྲིལ་པོ་འདིར་དང་པོ་རྒྱལ་པོའི་དུས་རབས་དང་། དེ་ནས་དམག་གི་དུས་རབས། ད་ལྟ་ཚོང་གི་དུས་རབས་ཞིག་ལ་སླེབས་ཡོད། དེ་དང་བསྟུན་འཛམ་གླིང་གང་སར་མི་རྣམས་ཀྱིས་ཁེ་སྤོབས་ཆེ་མིན་ལ་མ་ལྟོས་པར་ཚོང་དོན་ལ་གཞོལ་མཁན་ལོ་རེ་ནས་ལོ་རེར་མང་རུ་འགྲོ་བཞིན་ཡོད། དེ་དག་གི་ཁྲོད་ནས་འཛམ་གླིང་ཡུལ་སྐོར་བའི་ཚོང་གཉེར་འཕེལ་ཚད་ཀྱང་ཉིན་རེ་ལས་འཕར་བཞིན་པ་ལྟར། འཛམ་བུ་ཤར་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལྟ་བུར་ཆགས་བཞག་ན་ཡུལ་སྐོར་བའི་ཚོང་གཉེར་འཕེལ་ཚད་ཉིན་རེ་ལས་མ་འདས་པར་བྱ་འཕུར་བ་བཞིན་མདུན་དུ་སྐྱོད་བཞིན་ཡོད་ཁུལ་རྒྱ་གཞུང་གིས་རྟག་ཏུ་རྗོད་བཞིན་པ་ལྟར་དངོས་ཡོད་རེད།

དེ་ལྟ་བུའི་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་ཡུལ་སྐོར་དཔལ་འབྱོར་ཡོང་ཁུང་གཙོ་བོ་ཞིག་ནི་བོད་དང་ནང་སོག ཤིན་ཅང་། ཡུན་ནན་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནས་ཡོང་གི་ཡོད། རྒྱལ་ཁབ་འདྲ་མིན་ཁག་ནས་ཕེབས་པའི་ཡུལ་སྐོར་བའི་ཁྲོད་དུ་སྤྱིར་ཡུལ་སྐོར་ལྗོངས་རྒྱུ་བ་དང་། གནའ་ཤུལ་རྟོག་ཞིབ་པ། ཆབ་སྲིད་རྒྱུས་ལོན་བྱེད་མཁན་སོགས་རིགས་དུ་མ་ཞིག་ཀྱང་ཡོད། འོན་ཀྱང་འདས་པའི་ལོ་ལྔ་ཚན་གཉིས་ཀྱི་ནང་དུ་བོད་སྐྱོད་ཡུལ་སྐོར་བའི་ཕྱི་རྒྱལ་བ་རྣམས་འདོད་བློ་ཁེངས་པ་ཞིག་གཏན་ནས་ཡོང་གི་མེད་པ་ནི། རྟག་ཏུ་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལས་རྒལ་བའི་བསྒྲགས་གཏམ་དང་འཁྱོག་བཤད་ཁོ་ནའི་དབང་དུ་ཡུལ་སྐོར་བྱེད་དགོས་སྟབས་བོད་ནང་གི་དངོས་ཡོད་གནས་སྟངས་དང་འདས་པའི་བྱུང་རབས་རྣམས་ཤེས་ཐབས་བྲལ། ལྷག་དོན་དེང་གི་ཆར་ཕྱི་རྒྱལ་ཡུལ་སྐོར་བོད་དུ་འགྲོ་སྐྱོད་ཐད་ཚོགས་ཆུང་བཟོ་ནས་མི་མང་མཉམ་དུ་འགྲོ་རྒྱུ་ལས་མི་གཅིག་གཉིས་བོད་དུ་ཡུལ་སྐོར་འགྲོ་རྒྱུའི་རྒྱ་གཞུང་གིས་མཐོངས་ཆེན་སྤྲོད་ཀྱི་མེད།

གང་ལྟར་ཕྱི་རྒྱལ་ཡུལ་སྐོར་བ་རྣམས་ཀྱིས་བོད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་མིན་ལ་མ་ལྟོས་པར་ཡུལ་སྐོར་བའི་འགྲོ་གྲོན་དེ་དག་རྒྱ་གཞུང་གི་ཡུལ་སྐོར་ཚོང་གཉེར་ལ་ཕན་ཐོག་བྱུང་དང་འབྱུང་བཞིན་པ་རེད། དཔེར་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཚོགས་ཆུང་ཞིག་བཟོ་སྟེ་བོད་དུ་ཉིན་བཅོ་ལྔའི་རིང་ཡུལ་སྐོར་འགྲོ་དགོས་ཚེ་མ་མཐར་ཡུ་སྒོར་སྟོང་ཕྲག་བཞི་ནས་ཡར་རྩིས་པ་ཞིག་གཏོང་དགོས། ཡུལ་སྒོར་སྟོང་ཕྲག་བཞི་ལྷག་གི་ཁེ་ཕན་དེ་རྒྱ་ནག་གཞུང་གི་དཔལ་འབྱོར་ལ་རོགས་རམས་བྱེད་པ་དང་གཅིག་མཚུངས་ཡིན་སྟབས། དངོས་ཡོད་བོད་ཀྱི་གནས་སྟངས་ལ་ཐུགས་ཁུལ་གནང་མཁན་གྱི་ཕྱི་རྒྱལ་བ་རྣམས་ཀྱིས་འདི་ཚོའི་ཐད་ལ་གཟིགས་སྟངས་འབྱུང་གི་ཡོད། ངས་འདི་ནས་དཔེ་མཚོན་ཞིག་འདྲེན་གྱི་ཡིན། ནུབ་ཕྱོགས་འཇར་མན་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ། ཡོ་སེབ། སི་མི་ཌ། Josef Schmid ལགས་ཀྱིས་འདིའི་སྐོར་གཟིགས་སྟངས་གསུངས་བ། ང་བོད་དུ་འགྲོ་འདོད་གཙོ་བོ་ནི་བོད་ཀྱི་རི་ཀླུང་དང་ལྗོངས་རྒྱུ་བྱ་ཆེད་མིན། ངའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་དུ་སྐྱོད་དེ་བོད་གནས་རྟོག་ཞིབ་དང་རྒྱུས་ལོན་བྱ་རྒྱུ་དེ་རེད། ད་ལྟའི་ཆར་ང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་དག་ཤེས་ཐུབ་ཀྱི་ཡོད་མ་རེད། འོན་ཀྱང་རྒྱ་གཞུང་གིས་མི་གཅིག་གཉིས་ལ་ཕྱི་སྐྱོད་མཐོངས་ཆེན་སྤྲོད་ཀྱི་མེད་རྩང་ཚོགས་ཆུང་བཟོ་ནས་མི་མང་མཉམ་དུ་འགྲོ་རྒྱུ་དེ་རེད། ཡིན་ཀྱང་ད་ལྟའི་ཆར་ང་ཚོས་ཤེས་རྟོགས་ཐུབ་པ་ཞིག་ནི་ཚོགས་ཆུང་བཟོ་ནས་བོད་དུ་སྐྱོད་རྒྱུ་དེ་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་ཡུལ་སྐོར་སྣེ་ཤན་པའི་སྟངས་འཛིན་འོག་འགྲོ་དགོས་སྟབས་དངོས་ཡོད་བོད་ཀྱི་གནས་སྟངས་ཧ་གོ་ཐུབ་ཀྱི་ཁག་པོ་ཆགས་པ་རེད། དེ་བཞིན་ང་ཚོའི་མི་རེས་ཡུ་སྒོར་སྟོང་ཕྲག་བཞི་ལྷག་རེ་གཏོང་དགོས་པ་དེ་དག་ཕོན་ཆེན་པོ་ཞིག་མིན་ནའང་། དངུལ་དེ་དག་གི་ཁེ་ཕན་རྒྱ་གཞུག་གི་དཔལ་འབྱོར་ལ་རོགས་པ་བྱས་པ་དང་གཅིག་མཚུངས་རེད། དེས་ན་ང་ཚོས་རོགས་སྐྱོར་བྱ་ཡུལ་ནོར་བའི་ཉེས་ཁ་ཆེན་པོ་འདུག ངས་གནས་སྐབས་བོད་དུ་འགྲོ་རྒྱུ་ཕྱིར་འཐེན་བྱ་དོན་ནི་བོད་མི་རིགས་ལ་ཕན་པ་སྐར་མ་གང་མེད་པར་དོན་མེད་རྒྱ་གཞུང་ལ་ཡུ་སྒོར་སྟོང་ཕྲག་བཞི་ཡི་ཞབས་འདེབས་རྒྱག་འདོད་མི་འདུག ངས་དངུལ་དེ་དག་འཇར་མན་ནི་ལ་བོད་པའི་བོད་རིགས་དང་བོད་དོན་ལས་འགུལ་ཆེད་གཏོང་ན་བོད་མི་རིགས་ལ་ཕན་ཐོག་ཡོད་པ་ཞིག་རེད་དྲན་གྱི་འདུག སོགས་གསུངས།

དེ་དང་འདྲ་བར་ངས་ད་ལན་རྒྱུད་ལམ་འདི་ནས་རེ་ཞུས་ཞིག་ནི། ཕྱི་རྒྱལ་བོད་སྐྱོད་ཡུལ་སྐོར་བ་རྣམས་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི་ཁྱེད་ཉིད་བོད་དུ་སྐྱོད་ཚེ་དངོས་ཡོད་བོད་ཀྱི་གནས་སྟངས་རྒྱུས་ལོན་བྱ་མི་ཐུབ་པའི་ཁར་འཛམ་གླིང་འདིར་ཞི་བདེའི་དྲི་ཙམ་ཡང་མི་དྲོ་བའི་སྟོབས་ཆེན་དམར་པོའི་རྒྱལ་ཁབ་ཞིག་ལ་དཔལ་འབྱོར་རོགས་རམས་བྱེད་པ་ཁོ་ན་ཙམ་ཡིན་པས་དགོངས་བཞེས་གནང་གལ་ཆེ་ཞེས་ཞུ་རྒྱུ་ཡིན།

No comments:

Post a Comment