འཇར་མན་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ། ཡོ་སེབ། ཤིའི་མི་ཌ་ (Josef Schmid) ལགས་ཀྱིས་གོ་སྒྲིག་འོག་གྲོང་ཁྱེར་གྷེ་གྷན་ཌོབ་ (Deggendorf ) ལ་ལོ་ལྟར་བོད་ཀྱི་ཉིན་མོ་ཞེས་པ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར་འདི་ལོའི་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན། “བོད་གནས་གླེང་བ་”ཞེས་པ་ཞིག་འདུ་ཚོགས་གནང་ཡོད་པ་རེད། དུས་སྟོན་དེར་གྲོང་ཁྱེར་གཞན་པ་ཁག་ནས་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་དང་། གྲོང་ཁྱེར་དེ་གའི་རིག་གཞུང་དུས་སྟོན་གྱི་ཚོགས་པ་ཞིག་གི་འགན་འཛིན་གཙོས་མི་གྲངས་བརྒྱ་མ་ཟིན་ཙམ་ཞིག་འདུ་འཛོམས་གནང་སོང་།
དུས་སྟོན་གོ་སྒྲིག་པས་“བོད་གནས་གླེང་བ”ཞེས་པ་ངོ་སྤྲོད་དང་བསྒྲགས་བོད་ཀྱི་གནའ་དེང་གི་ལོ་རྒྱུས་གླེང་བ་དང་། ལྷག་པར་བོད་ཕྱི་ནང་གཉིས་ནས་བོད་མི་ ༨༤ ཙམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མཆོད་མེ་ཕུལ་བར་གདུང་སེམས་མཉམ་སྐྱེད་དང་། ཁོ་ཚོའི་རེ་སྨོན་ཇི་བཞིན་འགྲུབ་པའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་སོང་། ད་དུང་བོད་ཀྱི་གནས་སྟངས་འདི་བོད་མི་ཙམ་མ་ཟད་ཤར་གླེང་ཨེ་ཤ་ཡ་གཙོར་གྱུར་འཛམ་གླིང་སྤྱི་ཡི་དཀའ་ངལ་ཞིག་ཡིན་སྟབས། འགྲོ་བ་མི་ཚོས་དཀའ་ངན་འདི་སེལ་རྒྱུའི་འབེད་བརྩོན་གནང་དགོས་པ་དང་། ལྷག་དོན་རྒྱ་ནག་གཞུང་ཕྱོགས་ནས་དཀའ་ངལ་འདི་སེལ་རྒྱུའི་འབེད་བརྩོན་གནང་བའི་འགན་གཙོ་བོ་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་།
དེ་རྗེས་ས་གནས་དེར་བཞུགས་ཀྱི་བོད་པས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་རྣམས་དང་། ད་ཡོད་བརྩོན་དུ་ལྷགས་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཚོན་བྱེད་མྱ་ངན་གྱི་རོལ་དབྱངས་བཏང་བ་དང་། ཕྱི་མི་བོད་དོན་རྒྱབ་སྐྱོར་བ་ཁག་ཞིག་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཅ་དངོས་འགྲེམས་སྟོན་གནང་བ་སོགས་བྱས་སོང་།
མཇུག་ཏུ་གོ་སྒྲིག་པས་”ཐུན་མོང་མ་ཡིན་པའི་བོད་”(Mystical Tibet) ཅེས་པའི་གློག་བརྙན་གཟིགས་འབུལ་ཞུས་པ་སོགས་ཀྱིས་དུས་སྟོན་མཇུག་བསྒྲིལ་བ་དང་། མདོར་ན་སྐབས་སུ་བབ་པའི་བོད་དོན་ཁྱབ་བསྒྲགས་རྒྱ་ཆེར་སོང་ཡོད་པའི་གནས་ཚུལ་བཅས།
No comments:
Post a Comment