༢༠༡༢/༡༡/༠༥ གཟའ་ཉི་མའི་ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ སྟེང་། རེབ་གོང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག
འདི་གར་གནས་ཚུལ་བཏང་འབྱོར་བྱུང་པ་ལྟར་ན། དེ་རིང་ཕྱི་ཚེས་
༤ ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ སྟེང་། རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། ཆུ་ཚོད་ ༡༡ སྟེང་དཔའ་བོ་ཁོང་གི་སྐུ་ཕུང་གདོང་རྒྱལ་ཀླད་དུ་གདན་འདྲེན་ཞུས་ཏེ། ཆུ་ཚོད་ ༣ པ་ཡས་མས་ལ་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་དགེ་འདུན་པ་དང་མང་ཚོགས་སྟོང་ཕྲག་དྲུག་བརྒལ་བ་འཛོམས་སྟེ། བསྔོ་བ་སྨོན་ལམ་གསུང་པ་དང་མ་ཎི་དབྱངས་རྟ་གྱེར་བ། ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། རྒྱལ་གཅེས་དཔའ་བོ་ཁོང་གིས་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། ད་ངའི་རེ་བ་འགྲུབ་སོང་ཞེས་མེ་ཕུང་དཀྱིལ་ནས་སྐད་འབོད་བྱས་ཡོད་འདུག དཔའ་བོ་ཁོང་ནི་ལྷ་བྲིས་སྒྱུ་རྩལ་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་ཕ་མིང་ལ་འབྲུག་ཐར་རྒྱལ་འབོད་པ་དང་ད་ལྟ་ལོ ༥༠ དང་། ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ ། ཁོང་གི་བཟའ་ཟླའི་མིང་ལ་གཡང་མོ་མཚོ་ཟེར་ཞིང་ལོ་ ༢༦ ཡིན་འདུག ཁོང་བཟའ་ཟླ་གཉིས་ལ་བུ་དང་བུ་མོ་གཉིས་ཡོད་པ་ལས། རྒན་པ་བུ་ཀུན་བཟང་རྡོ་རྗེ་ལོ་ ༤ དང་། ཆུང་བ་བུ་མོ་ཏིང་འཛིན་སྒྲོལ་མ་ལོ་ ༢ ཡིན་འདུག
རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེག་གཏོང་ས་ནི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་རོང་བོ་རྒྱལ་ཐང་གི་གྲོང་ཁྱེར་ལ་ལམ་ཆེན་འགག་མདོ་ཁ་ཤས་ཡོད་པ་ལས། ནུབ་ཁུལ་བྱ་ཁྱུང་ལམ་ཁུལ་གྱི་སུམ་མདོ་ཡིན་འདུག་ལ། ཁོང་གིས་རང་ལུས་མེར་བསྲེག་གིས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་ལམ་འགྲོ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འཕྲལ། སྐུ་ཕུང་རྒྱ་དམག་གི་ལག་ཏུ་ཤོར་མ་བཅུག་པར། དུས་ཡུན་ཐུང་ངུའི་ནང་རོང་པོ་དགོན་པའི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་འདུ་འཛོམས་བྱུང་སྟེ་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་། སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་གྱི་གདོང་རྒྱལ་ཀླད་དུ་གདན་གྱིས་ཞུགས་འབུལ་བྱས་ཡོད་འདུག
ས་གནས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ད་ནངས་མེར་བསྲེག་ལས་འགུལ་བྱུང་པའི་རྗེས་ཙམ་ནས། ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་བྱེད་མགོ་ཚུགས་ཡོད་ནའང་། དེ་རིང་མང་ཚོགས་ཀྱིས་སྐད་འབོད་བྱས་སྐབས་དང་། སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་གདན་ཞུས་སྐབས། ཞུགས་འབུལ་དངོས་གཞིའི་སྐབས་བཅས་ལ་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ཀྱང་། གནས་ཚུལ་འདིའི་སྐོར་ཕྱིར་བསྒྲགས་མི་ཆོག་པ་མང་ཚོགས་ནང་དྲིལ་སྒྲོག་ཁྱབ་སྤེལ་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག
དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ལ་ཁ་ནི་རེབ་གོང་གི་ལོ་རྒྱུས་ནང་དམིགས་བསལ་ས་ཆ་ཞིག་ཆགས་ཡོད་ལ། དེར་བླ་ཆེན་དག་སྐུ་གཤེགས་པའི་སྐབས་སྐུ་གདུང་ཞུགས་འབུལ་བྱ་ཡུལ་ཞིག་ལས། དུར་ཁྲོད་ཀྱི་མིང་དང་ངོས་འཛིན་ཡོད་པ་ཞིག་མིན་པ་མ་ཟད། སྤྱིར་བཏང་གི་བླ་མ་དང་གྲྭ་པ། ལྷག་པར་དུ་མང་ཚོགས་དཀྱུས་མའི་རིགས་འདས་གྲོངས་སྐབས་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་ཞིག་མིན་པ་རེད། ཡིན་ནའང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་རེབ་གོང་ཤ་སྦྲང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་པའི་རྗེས། ཁོང་གི་སྐུ་ཕུང་གདོང་རྒྱལ་ལ་ཁ་ནས་ཞུགས་འབུལ་ཞུས་ཡོད་ལ། དེ་ནི་རེབ་གོང་གི་ལོ་རྒྱུས་ནང་ས་གནས་འདིར་མི་སྐྱ་ཞིག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ་ཐོག་མ་དང་། དེ་རིང་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་སྐུ་ཕུང་ས་གནས་དེར་ཞུགས་འབུལ་ཞུས་པ་ནི་ཐེངས་གཉིས་པ་དེ་ཆགས་ཡོད། འདི་ནི་མང་ཚོགས་ཀྱི་ངོས་ནས་དཔའ་བོ་ཁོང་ཅག་གི་མཛད་རྗེས་ལ་བླ་ན་མེད་པའི་གུས་བརྩི་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་གི་འདུག
ས་གནས་ནས་འབྲེལ་ཡོད་ཁག་ཅིག་ནས་བརྗོད་གསལ་ལ། ཉེ་སྔོན་ནས་ས་གནས་གཞུང་གི་ལས་ཁུངས་ཁག་ནང་གློག་ཀླད་རིགས་དྲ་རྒྱའི་སྐུད་ལམ་དུ་ཐད་ཀར་མཐུད་སྦྱོར་མི་ཆོག་པ་དང་། དྲ་ལམ་དུ་གང་བྱུང་འཛུལ་ཞུགས་ཐད་དམ་དྲག་བྱེད་བཞིན་ཡོད་ལ། དེ་རིང་ཉིན་རྒྱབ་ནས་རེབ་གོང་ལ་འབྲེལ་བ་བྱེད་ཁག་ཏུ་སོང་སྟེ། ད་ལྟའི་ཆར་གློག་ཀླད་དྲ་ལམ་ཆ་ཚང་བཀག་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱིན་པའི་གནས་སྟངས་ཆགས་འདུག
གནས་ཚུལ་ཡོང་ཁུངས་དུས་བབས་ནས་དྲངས།
No comments:
Post a Comment